ལོ་བསྟར་ཧོར་ཟླ་ ༨ པའི་ཚེས་ ༦ ལུ་ ཐིམ་ཕུག་ལྷ་མོའི་སྒྲུབ་མཆོད་ཀྱི་ ལྷ་མོ་
གཙོ་མོའི་དངོས་འཆམ་མཇལ་ནིའི་ངལ་གསོ་ཨིན།
འབྲུག་གི་རྒྱལ་ས་ཐིམ་ཕུག་ལུ་ ལོ་བསྟར་བཙུགས་སྲོལ་ཡོད་པའི་ འདོད་
པའི་ཁམས་ཀྱི་དབང་ཕྱུག་ཆེན་མོ་དཔལ་ལྡན་ལྷ་མོ་དུད་སོལ་མའི་དངོས་འཆམ་
དང་ ལྷ་དབང་སྒྲུབ་མཆོད་ཆེན་པོ་འདི་ཉིད་སྔོན་ལྷོ་མོན་ཁ་བཞི་ལུ་མིང་ཙམ་ཡང་
མ་གྲགས་པའི་ ཡ་མཚན་རྨད་དུ་བྱུང་བའི་དུས་མཆོད་ཅིག་ཨིན།
དེ་ཡང་རྒྱལ་སྲས་བདག་ཉིད་ཆེན་པོ་ཀུན་དགའ་རྒྱལ་མཚན་ནམ་མཚན་
གཞན་གྷ་ན་པ་ཏི་ཟེར་ཞུ་མི་འདི་ ང་བཅས་རའི་རྒྱལ་ཁབ་ནང་བཀྲིན་འགྲན་ཟླ་
དང་འབྲལ་བའི་ ཞབས་དྲུང་རིན་པོ་ཆེའི་སྲས་འཇམ་དཔལ་རྡོ་རྗེའི་ཡང་སྲིད་དང་
པ་ཨིན། ཁོ་གིས་དཔལ་ལྡན་ལྷ་མོ་དུད་སོལ་མ་འདི་དངོས་ཉམས་མནལ་ལམ་
ཚུ་ནང་ ཡང་བསྐྱར་གྱི་བར་དུ་ཞལ་མཇལ་ཞིང་ གསུང་ཐོས་ཀྱི་ལུང་བསྟན་དང་
བསྟུན་ཏེ་ ལྷ་མོ་གཙོ་མོ་འཁོར་དང༌བཅས་པའི༌སྐུ་འཆམ་ང་བཅས་ར་ཚུ་གིས་ ད་
ལྟོའི་བར་ན་མཇལ་ནི་གི་སྐལ་བ་ཡོད་མི་འདི་ བདག་ཉིད་ཆེན་པོ་རྒྱལ་སྲས་ཀུན་
དགའ་རྒྱལ་མཚན་གྱིས་མཛད་དེ་གནང་གནངམ་ཨིན།
རྒྱལ་སྲས་ཀུན་དགའ་རྒྱལ་མཚན་འདི་ ཡབ་དབོན་པོ་རྡོ་རྗེ་དང་ཡུམ་ཀརྨ་ལྷ་
མོ་གཉིས་ཀྱི་སྲས་ལུ་ གནས་ཕུན་སུམ་ཚོགས་པ་ཤར་ཕྱོགས་བཀྲ་ཤིས་སྒང་གི་ས་
ཁུལ་མཚམས་འབྲོག་དགོན་ནམ་ བཀྲིས་ཆོས་གླིང་དུ་ དུས་ཕུན་སུམ་ཚོགས་པ་
རབ་བྱུང་བཅུ་གཉིས་པའི་ས་སྦྲུལ་ཧོར་ཟླ་ ༡༠ པའི་ཚེས་ ༢ ལུ་ སྔོན་གྱི་སྨོན་
ལམ་གྱི་ལུང་བསྟན་དང་འཁྲིལ་ཏེ་སྐུ་འཁྲུངས་ནུག།
ཟླ་བ་གཅིག་དེ་ཅིག་ཁ་ལུ་ གཡུས་ཁ་གི་བླ་སློབ་ཚུ་གིས་བླ་མའི་ཡང་སྲིད་
ཅིག་ཨིན་པའི་ལུང་བསྟན་གནངམ༌མ༌ཚད༌ ཟླ་བ་དྲུག་དེ་ཅིག་ལུ་རྒྱ་གར་ལས་
ཛོ་ཀི་ཧེ་རུ་ཀའི་ཆས་ཅན་གཉིས་བྱོན་ཏེ་ ཁྲུས་གསོལ་དང་གསེར་སྐྱེམས་གསོལ་
མཆོད་ཕུལ་ཏེ་ མཚན་གྷ་ན་པ་ཏི་ཟེར་གསོལ་ནུག།
ལོ་ལྔ་ལས་སྐུ་ཚེ་སྔ་མའི་ལོ་རྒྱུས་ཚུ་གསལ་བར་གསུངས་ཏེ་ སྔོན་མའི་ཅ་
ཆས་ཚུ་ག་ར་ངོས་འཛིན་མཛདཔ་ལས་ རིམ་པ་བཞིན་འབྲུག་ནུབ་ཕྱོགས་སུ་སྤྱན་
དྲངས་ཏེ་རྒྱལ་སྲས་སྤྲུལ་སྐུར་མཚན་གསོལ་དང་ཁྲི་མངའ་གསོལ་ཞུ་ནུག།
དེ་ལས་ མི་ཕམ་ངག་དབང་འབྲུག་སྒྲ་རྒྱ་མཚོ། རྡོ་རྗེ་དབང་རྒྱལ། ངག་དབང་
བསམ་གཏན། དམ་ཆོས་པད་དཀར་ཚུ་ཡོངས་འཛིན་སྦེ་བསྟེན་ཏེ་མཁས་པའི་ཡང་
རྩེར་སོན་ཏེ་ གོང་མའི་གདན་ས་ཆེན་པོ་ལྕགས་རི་ལུ་བླ་སྒྲུབ་དང་ བདེ་མཆོག་གི་
བསྙེན་པ་སོགས་ལུ་བརྩོན་ཅིང་བཞུགས་པའི་སྐབས་ བདེ་མཆོག་འཁོར་ལོ་སྡོམ་
པ་ལྷ་བཅུ་གསུམ་གྱི་རྟེན་དང་བརྟེན་པ་དང་ གཤིན་རྗེ་གཤེད་ཀྱི་ལྷ་ཚོགས་ཚུ་ཡང་
ཞལ་དངོས་སུ་གཟིགས། དམ་ཅན་སྲུང་མ་ཚུ་ཡང་ མི་བཞིན་དུ་དངོས་སུ་སྲུང་
སྐྱོབ་དང་ ཕྲིན་སྒྲུབ་བྱེད་པ་སོགས་གྲུབ་པའི་མངའ་དབང་ལུ་འབྱོར་ནུག།
ཕྱིས་སུ་ ཞབས་དྲུང་རིན་པོ་ཆེའི་རྒྱལ་ཁྲིའི་ཐོག་ལུ་ཕེབས་ཏེ་བཀྲིས་ཆོས་
ཀྱི་རྫོང་གི་དབུ་རྩེ་ཆེན་མོར་བཞུགས་པའི་སྐབས་ཤིག་ལུ་སྐྱེ་མེད་འོད་གསལ་གྱི་
ཉམས་ལ་ སྔར་དང་མི་འདྲ་བའི་མནལ་ལམ་བཟུམ་ཅིག་ནང་ དཔལ་ལྡན་ལྷ་མོ་
མཇལ་ཏེ་ ལུང་བསྟན་ཐོབ་མི་འདི་རྗེ་རང་གིས་གསུང་རིས་སུ་བཀོད་མི་ནང་།
མ་ཅིག་དུད་སོལ་ལྷ་མོ་སྙིང་ལ་དྲན། །ཐུགས་རྗེས་བཟུང་ཞེས་སྨྲེ་ངག་གསོལ་
བཏབ་པས། །ལྷ་མོ་དར་གྱི་སློག་པ་གསོལ་བ་ཅིག །བྱུང་ནས་བུ་ཁྱོད་ཡར་ལ་
ལྟོས་ཤིག་གསུངས། །བདག་སེམས་རབ་དགའི་དད་པས་ཡར་བལྟས་ཚེ། །ནམ་
མཁའི་དཀྱིལ་དུ་ཐིག་ལེ་སྔོ་སྐྱ་ཅིག །ཧྲིལ་ཧྲིལ་རྟ་བདུན་འོད་ཟེར་དང་འདྲེས་པ། །
ཁྱོད་ཀྱི་ཕ་རྗེ་ཡ་ཀི་ཡིན་ནོ་གསུངས། །དེ་ཀར་བདག་ཉིད་དྲན་མེད་ས་ལ་འགྱེལ། །
སླར་ཡང་ལྷ་མོ་གཞོན་ནུ་ཡིད་འོང་དེས། །ཞལ་འཛུམ་དང་བཅས་མཛེས་པའི་
ཕྱག་གཉིས་ཀྱིས། །བདག་གི་སྤྱི་བོ་ནས་བཟུང་ཡར་བཏེག་སྟེ། །ཆོས་སྐུ་སྐྱེ་མེད་
དབྱིངས་རིག་དག་པའི་ཀློང་། །མ་འགག་ལོངས་སྐུ་ཕ་རྗེ་ཡིན་ནོ་བུ། །སྤྲུལ་སྐུ་ཁྱེད་
དང་འདྲ་བ་ག་ལ་སྲིད། །ཐུགས་ངལ་མ་མཛད་ལྷ་སྲས་ཀུན་ཏུ་དགའ།།
ཞེས་པ་ལ་སོགས་པའི་ རྨི་ལམ་དུ་ལུང་བསྟན་པ་ལྟར་དུས་སྐབས་དེར་ ཡེ་
ཤེས་ལྷ་མོའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ཇི་ལྟར་གཟིགས་པ་བཞིན་
ཕྱི་རབས་རྣམས་ཀྱི་དད་རྟེན་དང་ རྒྱལ་ཁབ་ཀྱི་རྐྱེན་སེལ་རྟེན་འབྲེལ་གྱི་གནད་
ཁྱད་པར་ཅན་ལུ་གཟིགས་ཏེ་ སྤུངས་ཐང་ཁའི་མགོན་མངས་སྒྲུབ་མཆོད་དང་རྗེས་
སུ་མཐུན་པར་ ཐིམ་ཕུག་བཀྲིས་ཆོས་རྫོང་ནང་ལུ་ཡང་ ལྷ་མོ་དུད་སོལ་མའི་སྒྲུབ་
མཆོད་ཆེན་མོ་འདི་ས་ཆོག་ནས་བརྩམས་ཏེ་ མཐའ་རྒྱས་སྨོན་ལམ་གྱི་བར་སྔར་
མེད་གསར་དུ་འཛུགས་པར་མཛད་པ་མ་ཚད་ ལྷག་པར་ཟླ་ ༨ པའི་ཚེས་དྲུག་གི་
ཉིན་མར་ལྷ་མོ་རེ་མ་ཏིས་སྣ་དྲངས་ཏེ་ ལྷ་མོ་མཆེད་བཞི་དང་སྒོ་མ་བཞི་གདོང་ཅན་
བརྒྱད། དཔལ་ལྡན་ལྷ་མོ་གཙོ་མོ་དང་ དེའི་ཕྱག་ཞུ་སྟེ་འགུགས་བྱེད་ གསོད་
བྱེད་ སྒྲོལ་བྱེད་གསུམ་བཅས་ཀྱི་སྐུ་འཆམ་རྒྱལ་སྲས་ཀུན་དགའ་རྒྱལ་མཚན་ཁོ་
རང་གིས་བརྩམས་ཏེ་ གནང་མི་ག་ཨིནམ་སྦེ་ ད་ལྟོ་བར་ན་ ལྷ་འཆམ་མཐོང་གྲོལ་
ཆེན་མོ་དངོས་སུ་མཇལ་ནི་ཡོད།
དེའི་ཉིན་མར་ གཞུང་འབྲེལ་གྱི་ངལ་གསོ་བཞག་དགོ་མི་འདི་སྤྱིར་ལྷ་མོ་
གཙོ་མོའི་དངོས་འཆམ་འདི་ རྒྱལ་སྲས་ཀུན་དགའ་རྒྱལ་མཚན་གྱིས་དག་སྣང་
ལུ་མཇལ་ཏེ་ལུང་བསྟན་ཐོབ་པའི་གནང་བ་དང་འཁྲིལ་ཏེ་ ལྷ་མོའི་འཆམ་གསར་
བརྩམས་མཛད་ཡོདཔ་ལས་ གཏེར་འཆམ་མཐོང་གྲོལ་ཆེན་མོ་དང་། གཉིས་པ་ལུ་
ལྷ་མོའི་དངོས་འཆམ་མཇལ་བ་ཙམ་གྱིས་ རང་གི་སྡིག་སྒྲིབ་དག་ རྐྱེན་ངན་བར་
ཆད་བསལ་ནི་དང་ དད་པ་སྦོམ་བསྐྱེད་དེ་ གསོལ་བ་བཏབ་པ་ཅིན་ མཆོག་ཐུན་
མོང་གི་དངོས་གྲུབ་ཡང་ ཐོབ་ནི་ཨིན། གསུམ་པ་ དཔལ་ལྡན་འབྲུག་པའི་བསྟན་
པའི་ཕྲིན་ལས་དང་ དགེ་འདུན་འདུས་སྡེ་ཆེན་པོའི་བདག་གཉེར་གཙོ་བོ་ཅིག་ མ་
ཅིག་དཔལ་ལྡན་ལྷ་མོ་འདི་གིས་མཛད་དོ་ཡོདཔ་ལས་ ང་བཅས་རའི་དཔལ་ལྡན་
འབྲུག་པའི་བསྟན་པ་ ཇི་སྲིད་བསྐལ་བརྒྱར་བརྟན་པའི་གསོལ་འདེབས་སྨོན་ལམ་
དང་ འདོད་གསོལ་ཞུ་ནིའི་གོ་སྐབས་ཡང་ དེ་སྐབས་ཐོབ་དོ་ཡོདཔ་ལས་བརྟེན་ཏེ་
ཨིན།
དེ་འབད་ནི་འདི་གིས་ ལྷ་མོ་གཙོ་མོའི་དངོས་འཆམ་མཇལ་ནིའི་ངལ་གསོའི་
སྐབས་ རང་བཞིན་དགའ་སྤྲོ་བསྒྱུར་ནི་གི་དོན་དག་ཙམ་མ་ཡིན་པར་ལོ་གཅིག་ལུ་
དཔལ་ལྡན་ལྷ་མོ་གཙོ་བོའི་ཞལ་མཇལ་ནི་ཚར་གཅིག་ལས་མེདཔ་ལས་ ག་དེ་
འབད་རུང་དད་མོས་སྦོམ་མའི་ཐོག་ལས་ཞལ་མཇལ་ཏེ་ གསོལ་འདེབས་སྨོན་
ལམ་བཏབ་དགོཔ་ག་ནི་ལས་གལ་ཆེཝ་ཨིན་ནོ།། །།
Comments
Post a Comment
comment and help me to go further